༈ ཞེས་སོགས་ཀྱི་དོན་ནི། རྗེ་འདིའི་དགའ་ལྡན་ལྷ་བརྒྱ་མའི་རྩ་ཚིག་ལས་ཀྱང། ཞི་རྒྱས་དབང་དྲག་ལ་སོགས་པའི། །རབ་འབྱམས་ [055B] །རྒྱུད་དོན་མན་ངག་ཏུ་ཤར་བའི། །བཤེས་གཉེན་དམ་པའི་ཞལ་ལས་ཤེས། །ཞེས་གསུངས་པ་ལྟར་རྒྱུད་སྡེ་བཞི་ནས་བཤད་པའི་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་བསྒྲུབ་ཚུལ་ཐམས་ཅད་ལྷ་ དང་སྐུ་མདོག་དང། ཕྱག་མཚན་སོགས་བསྒྱུར་ནས་སྐབས་འདིར་ཉམས་སུ་བླངས་ཆོག་པའི་དོན་ཡིན་འདྲ་ཡང། བདག་ལྟ་བུས་རྒྱས་པར་འཆད་ག་ལ་ཤེས་མདོར་བསྡུས་མཚོན་བྱེད་ནི། འཇམ་དབྱངས་ཆོས་སྐོར་ལས་ ཞི་བ་དཀར་པོ་པད་དཀར་འཛིན། །མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །བུམ་ཆུ་མེ་ལོང་ལ་སོགས་ཏེ། །ཞེས་གསུངས་པ་ལྟར། ལྷ་སྐུ་མདོག་དཀར་པོ་དང། ཕྱག་མཚན་པདྨ་དཀར་པོ། བུམ་པ་དཀར་པོ་བདུད་རྩི་དཀར་པོས་གང་ བ། དངུལ་དཀར་གྱི་མེ་ལོང་སོགས་བསྣམས་པ་དང། ཕྱག་སྟབས་མཆོག་སྦྱིན་དང་སྐྱབས་སྦྱིན་མཛད་པ། སྐུ་ལས་བདུད་རྩི་འོད་ཟེར། རླུང་ཞི་བ་ལ་མར་ཁུའི་ཁ་དོག་རེག་བྱ་ཚ་བ། རོ་མངར་བའི་རྣམ་པ་ཅན་དང། མཁྲིས་པ་ལ་ བདུད་རྩི་འོད་ཟེར་ཁ་དོག་དཀར་པོ། རེག་བྱ་བསལ་བ། རོ་ཁ་བའི་རྣམ་པ་ཅན་དང། བད་ཀན་ལ་བདུད་རྩི་འོད་ཟེར་ཁ་དོག་སྔོན་པོ། རེག་བྱ་ཚ་བ། རོ་སྒྱུར་བའི་རྣམ་པ་ཅན་གྱིས་དེ་དག་དང། དེ་དག་གི་རྒྱུ་ལས་ངན། རྐྱེན་ཉོན་མོངས་ལྷག་མེད་དུ་དག་ པའི་མོས་པ་བྱེད་པ་ལྟ་བུའོ། །དེ་ཁའི་ཆོས་ལྡན་གྱི་བཞེད་དོན་འགྲུབ་ཕྱིར། བླ་མ་དཀོན་མཆོག་ལ་གསོལ་འདེབས་གང་དྲག་ཞུ་བ་ལགས། གཟིགས་རྟེན་བཅས་སྟབས་ཤུར་དུ་ཕུལ་